དགེ་རྩ།

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༥ ལོར་སུད་སི་གཞུང་གི་རྩ་ཁྲིམས་དགོངས་དོན་ཁྲིམས་མཐུན་གྱི་སུད་སི་ཛཱུརིག་མངའ་ཁོངས་སུ་བཙུགས་གནང་པ་ཞིག་ཡིན།  དགེ་རྩ་འདི་བཙུགས་དགོས་དོན་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་འགན་ཡོངས་དང་འབྲེལ་ཆགས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དང་རྒྱུན་སྲོལ་རྣམས་རྒྱུན་མཐུད་སོར་གནས་དང་མཐུན་འགྱུར་ཞུ་སླད་ཆེད་དུ་ཡིན།

དགེ་རྩའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་དང་བོད་མི་རྣམས་ལ་མཐུན་རྐྱེན་རོགས་རམ་བྱེད་རྒྱུ་ཙམ་མ་ཡིན་པར།   འགྲོ་བ་མི་སུ་ཞིག་ལའང་དཀའ་ངལ་འཕྲད་པའི་སྐབས་སུ་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པའི་ཐོག་ནས་རོགས་རམ་བྱེད་རྒྱུ་ཡིན།

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩའི་བསྒྲུབ་བྱ་ཐ་དག་དགེ་རྩའི་དམིགས་ཡུལ་གཞིར་བཟུང་དུས་ཡུན་ཐུང་ངུ་དང་རིང་པོའི་ལས་འཆར་དང་གསར་གཏོད་ཀྱི་དམིགས་ཚད་རོགས་དངུལ་བརྒྱུད་ནས་ལག་བསྟར་ཞུ་བཞིན་ཡོད།   དགེ་རྩ་འདིས་འཛམ་བུ་གླིང་ནང་འགྲོ་བ་མིའི་རིགས་ལ་ཛ་དྲག་གི་བདེ་སྡུག་སེལ་ཐབས་བྱེད་མཁན་གྱི་རོགས་རམ་ཚོགས་པ་མང་པོར་ཡང་ནས་ཡང་དུ་དཔལ་འབྱོར་གྱི་རོགས་རམ་ཞུ་བཞིན་ཡོད།

དགེ་རྩ་འདི་བཞིན་ཛཱུརིག་མངའ་ཁོངས་ཁྲལ་ཆག་ཡང་ཡོད་པ་ཞིག་ཡིན་པ་ལས་ཚོང་དོན་དང་ཁེ་འབབ་ཀྱི་དོན་དུ་གཉེར་བ་ཞིག་མ་ཡིན།  དགེ་རྩའི་དཔལ་འབྱོར་གྱི་རྒྱབ་རྟེན་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མི་མང་གི་ཞལ་འདེབས་ཡིན་པ་དང།   དགེ་རྩའི་ལས་དོན་སྟངས་འཛིན་གནང་མཁན་གཙོ་བོ་ནི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའམ་དགེ་རྩ་དབུ་འཛུགས་གནང་མཁན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན། ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་འདི་བཞིན་རྒྱལ་སྤྱིའི་མིང་དོན་མཚུངས་པའི་དགེ་རྩ་ཞིག་ཡིན་སྟབས། དགེ་རྩ་འདི་སུད་སི་གཞུང་ནང་སྲིད་ལས་ཁུངས་ཀྱི་ལྟ་རྟོག་སྐུལ་བྱུས་འོག་ཡོད།

དགེ་རྩའི་ལས་ཁུངས་ནི་སུད་སི་གྲོང་ཁྱེར་ཛཱུརིག་ཏུ་ཡོད་པ་དང།   ཉིན་རེའི་ལས་དོན་གནང་ཕྱོགས་རྣམས་འགན་འཛིན་ལྷན་ཚོགས་ཀྱི་ལམ་སྟོན་འོག་ཞུ་བཞིན་ཡོད།

དགེ་རྩེའི་ངོ་སྤྲོད།
༧གོང་ས་མཆོག
དགེ་རྩ།
འགན་འཛིན་ལྷན་ཚོགས།